[444B] །རྒྱ་གར་སྐད་དུ། ཨཱརྱ་མཎྜལ་ཨཥྚ་དྷརྨྨ་པརྱ་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་ གྲངས་ཐེག་པ་ཆེན་པོའི་མདོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་ འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་ དང། ལྟོ་འཕྱེ་ཆེན་པོ་དང། མི་དང། མི་མ་ཡིན་པ་དུ་མས་ཡོངས་སུ་བསྐོར་ཏེ། མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེངྒེའི་རྒྱལ་པོ་བཀོད་པ་ཞེས་བྱ་བ་ཞིག་འཁོར་ དེར་འདུས་པར་གྱུར་ཏེ་འདུག་པ་དེས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་ནས་ལྟད་མོར་གྱུར་ཏེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་སངས་རྒྱས་ [445A]༄༅། །འབྱུང་བ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ཞིག་འདས་ན་གང་གི་འཁོར་གྱི་དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཀྱི་ཅི་འདྲ་བ་དེ་འདྲ་བར་མ་གྱུར་ལགས་སོ། །བཅོམ་ལྡན་ འདས༑ བདག་གི་ཞུ་བ་བསྟན་པ་འདིའི་ལན་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཐོས་ནའང་དབུགས་ཕྱིན་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེངྒེའི་རྒྱལ་པོ་བཀོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་བུ༑ ཉོན་ཅིག་དང། དྲིས་པ་ལན་གདབ་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ངས་སྔོན་སོ་སོའི་སྐྱེ་བོའི་དུས་ན་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་ དུ་བྱས་པ་དེ་བསྟན་པར་བྱའོ། །རིགས་ཀྱི་བུ། འདས་པའི་དུས་ན་སྔོན་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་བསམ་གྱིས་མི་ ཁྱབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེའི་དུས་ན་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བྱིན་ཞེས་བྱ་བ་ཞིག་ཤིན་ཏུ་མ་དད་ཅིང་ཡིད་དུ་མི་འོང་བའི་ ཆོས་ལྔ་དང་ལྡན་ཞིང། ཆོས་འདུལ་བ་ལ་རྒྱབ་ཀྱིས་ཕྱོགས་སོ་།དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བ་ཞིག་ཁྱིམ་བདག་དེ་ལ་སྙིང་བརྩེ་བའི་ཕྱིར་ཡང་དང་ཡང་དུ་རྒྱུན་མི་ [445B] །རེ་ཞིག་ན་དུས་ཀྱི་མཐུས་ཁྱིམ་བདག་དེ་དགེ་སློང་དེ་ལ་རྗེས་སུ་ཆགས་པ་དང་བཅས་པའི་སེམས་སུ་གྱུར་ནས། རེ་ཞིག་ན་ཁྱིམ་བདག་དེས་ ལེགས་པར་བྱ་བའི་ལས་ཀྱི་འབྲས་བུ་དྲིས་སོ། །དེ་ནས་དགེ་སློང་དེས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ དང། ལྷ་དང། མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ཁྱིམ་བདག་དེ་ལ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་ཏེ། ཁྱིམ་ བདག་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། །དེས་འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། གང་དང་གང་ དུ་སྐྱེས་པར་ཆོས་དང་ལྡན་པའི་སེམས་ཅན་རྣམས་དང་མི་འབྲལ་བར་འགྱུར། འཁོར་མང་པོ་དང་ལུས་ཕུན་སུམ་ཚོགས་ནས་གཟུགས་བཟང་པོ་ཉིད་ཐོབ་པར་འགྱུར། ཡོ་བྱད་ཕུན་ སུམ་ཚོགས་པ་འཐོབ་པར་འགྱུར་ཏེ། བཙལ་མི་དགོས་པར་ཡོ་བྱད་རྣམས་འབྱོར་བར་འགྱུར། ལུས་སྲ་ཞིང་བརྟན་ལ་ལུས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞིང། དེ་ལ་རི་དང་ རྩིག་པ་རྣམས་ཀྱང་སྒྲིབ་པར་མི་བྱེད་དེ། ཕུན་སུམ་ཚོགས་པ་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུ་ལ་ཡི་རང་བར་གྱུར་ནས། དགེ་སློང་དེའི་རྐང་པ་ [446A]༄༅། །ལ་ཕྱག་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དཀྱིལ་འཁོར་བརྒྱད་པ་སྟོན་ཅིག་དང། དེས་བདག་ལ་མངོན་སུམ་དུ་འགྱུར་རོ། །དེ་ནས་དགེ་སློང་ རྣམ་པར་རྒྱལ་བ་འབྱུང་བས་ཁྱིམ་བདག་དེའི་བསམ་པ་ཤེས་ནས་ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ། ཉོན་ཅིག་དང་བསྟན་པར་བྱའོ། །དེས་ན་ལྕི་བ་གསར་བསྲེས་པའི། ། དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །སེམས་ཅན་ཀུན་དང་ཐུན་མོང་དུ། །འདས་པའི་སངས་རྒྱས་གང་ཡིན་དང། །གང་དག་མ་འོངས་ད་ལྟར་བྱུང། །བྱང་ཆུབ་སེམས་ དཔའ་ཉན་ཐོས་དང། །རང་སངས་རྒྱས་དག་གང་ཡོད་པ། །དེ་དག་རྣམས་ལ་ཡོངས་སུ་བསྔོ། །དེ་ནས་དཀྱིལ་འཁོར་ཡུག་དགུ་འཁོར་གྱི་དཀྱིལ་འཁོར་རྣམས་ བྱ་སྟེ༑ ༑འཇིག་རྟེན་དབང་དང་བྱམས་པ་དང། །ཐུབ་པ་སྐྱེས་མཆོག་ནམ་མཁའ་དང། །ཀུན་ཏུ་བཟང་པོ་བློ་ལྡན་དང། །གསང་བ་པ་ཡི་བདག་པོ་དང། །འཇམ་དཔལ་ གཞོན་ནུར་གྱུར་པ་དང། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང། །དེ་བཞིན་ས་ཡི་སྙིང་པོ་སྟེ་[?] །དེ་དག་གི་ཆེད་དུ་དཀྱིལ་འཁོར་བརྒྱད་བྱའོ། །ཁྱིམ་བདག་འདི་ནི། དཀྱིལ་ འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ། འདི་ནི། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ལས་མངོན་ [446B] །ཁྱིམ་བདག་གཞན་ཡང་ཉོན་ཅིག་ཀུན་ནས་སྐལ་པ་མཐུན་པ་ཡི། །འཁོར་རྣམས་གང་ཞིག་འདོད་པ་དེས། །དཀྱིལ་འཁོར་བརྒྱད་ནི་འདྲི་བར་བྱ། །གང་ ཞིག་བརྒྱ་བྱིན་ཉིད་དང་ནི། །ཚངས་པའི་འཇིག་རྟེན་བདག་པོ་དང། །ལྷ་མི་རྒྱལ་པོའི་རྒྱལ་སྲིད་དང། །བློ་ལྡན་སྣ་ཚོགས་གཟུགས་བཟང་འདོད། །རྟག་ཏུ་དཀྱིལ་འཁོར་ མཆོག་བརྒྱད་བྱ། །སེངྒེའི་རྒྱལ་པོ་བཀོད་པ། འདི་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན། དེ་ལྟར་མི་བལྟ་ སྟེ༑ འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་དེའི་དུས་ན་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བར་གྱུར་ཏོ། །སེངྒེའི་རྒྱལ་པོ་བཀོད་པ། དེའི་ཚེ་དེའི་དུས་ན་ཁྱིམ་བདག་དྲག་ ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ་ཡིད་གཉིས་ཟ་ན། དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་དྲག་ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་ བའི་ཁྱིམ་བདག་ཏུ་གྱུར་ཏོ། །ངས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པའི་བར་དང། སངས་རྒྱས་ཉིད་ཐོབ་ཀྱི་བར་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་དེ་དང་དེ་དག་ཏུ་ཆོས་ འདི་ཀུན་ཏུ་བསྟེན་ཏོ། །བསྒོམས་སོ། །མང་དུ་བྱས་སོ། །རིགས་ཀྱི་བུ་གང་གིས་ན། ངའི་འཁོར་གྱི་དཀྱིལ་འཁོར་བཀོད་པ་འདི་འདྲ་བར་གྱུར་བའི་རྒྱུ་ནི། དེ་ཡིན་ནོ། །རྐྱེན་ནི། དེ་ཡིན་ནོ། ། [447A]༄༅། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེངྒེའི་རྒྱལ་པོ་བཀོད་པ་དང། དགེ་སློང་དེ་དག་དང། བྱང་ཆུབ་སེམས་དཔའ་ དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་ པར་བསྟོད་དོ། །འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོཙྪ་ བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།